第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 教师作品 > སློབ་མའི་ཀློག་གི་ནུས་པ་ཡར་རྒྱས་སུ་གཏོང་ཐབས་སྐོར་གླེང་བ།

སློབ་མའི་ཀློག་གི་ནུས་པ་ཡར་རྒྱས་སུ་གཏོང་ཐབས་སྐོར་གླེང་བ།

2023年06月01日 17:45:16 访问量:70 作者:斗尕杰布





ཡི་གེའི་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པདང་འབྲེལ་ཏེ་ཆུང་འབྲིང་སློབ་མའི་ཀློག་གི་ནུས་པ་ཡར་རྒྱས་སུ་གཏོང་ཐབས་སྐོར་གླེང་བ།

 རྩེ་ཆུ་གདུགས་དཀར་སྐྱབས། རྩེ་ཁོག

[ནང་དོན་གནད་བསྡུས]རྩོམ་འདིར་ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་དང་འབྲེལ་ཏེ། སློབ་མ་དག་གིས་བོད་ཡིག་གི་དབྱངས་གསལ་དང་སྔོན་རྗེས། བརྩེགས་འདོགས་སོགས་ཇི་ལྟར་ཀློག་དགོས་ཚུལ་གྱི་ཐད་ནས་དཔྱད་པ་ཅུང་ཟད་བྱས་ཡོད།

[བརྡ་ཆད་གཙོ་བོ]  སྐྱེ་གནས།ཀློག་སྟངས། ཕྲལ་བ།

དེ་ཡང་《ཡི་གེའི་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》ཞེས་བྱ་བ་འདི་ནི་ས་སྐྱ་གོང་མ་རྣམ་ལྔ་ལས་དཀར་པོ་རྣམ་གསུམ་གྱི་ཡ་གྱལ་པཎ་ཆེན་བསོད་ནམས་རྩེ་མོས་མཛད་ཅིང་། བོད་ཀྱི་སྐད་དང་སྔགས་བཀླག་ཐབས་སྐོར་གྱི་བསྟན་བཅོས་ཆེས་སྔ་ཤོས་དེ་ཡིན། འདི་ནི་བརྡ་སྤྲོད་སྨྲ་བའི་མཁས་པ་ཆེན་པོ་ཞྭ་ལུ་ལོ་ཙཱ་བ་དང་ཟུར་མཁར་བློ་གྲོས་རྒྱལ་པོ། སི་ཏུ་བསྟན་པའི་ཉིན་བྱེད་སོགས་ཀྱིས་གཙོས་པའི་མཁས་པ་མང་པོས་ཁུངས་སུ་བྱེད་པའི་གཞུང་རྩ་ཆེན་ཞིག་དང་། དེང་སང་གི་དུས་སུ་ཡང་འཕྲིན་ལས་སྔར་བཞིན་རྒྱས་བཞིན་པའི་དེབ་མཆོག་ཅིག་ལགས། འདི་རུ་ལེའུ་དང་པོར་ཡི་གེའི་བྱེ་བྲག་དང་དབྱེ་བསྡུ། ལེའུ་གཉིས་པར་ཡི་གེའི་སྐྱེ་གནས་དང་འབྱིན་ཐབས། བཀླག་ཐབས། ལེའུ་གསུམ་པར་ལེགས་སྦྱར་གྱི་སྐད་དང་སྔགས་ཀྱི་བཀླག་ཐབས་སོགས་ཁ་གསལ་ཞིང་ཚིག་སྣ་བསྡུས་ཏེ་གསུངས་ཡོད་ཅིང་།   འདིར་ཁོ་བོས་གཞུང་དེ་རུ་བྱུང་བའི་ལེའུ་གཉིས་པ་དང་འབྲེལ་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་གི་ཀློག་གི་ནུས་པ་ཇི་ལྟར་གོང་འཕེལ་དུ་གཏོང་བ་སོགས་ཀྱི་ཐད་ནས་རགས་ཙམ་གླེང་བར་བསམ། བསྟན་བཅོས་རང་དུ་ལེའུ་གཉིས་པ་བོད་ཡིག་བཀླག་ཐབས་སྐོར་འདིས་ཤོག་ངོས་དྲུག་ལ་ཉེ་བ་ཟིན་ལ།  བསྟན་བཅོས་རང་དུ་ཡང་དང་པོ་ཡི་གེའི་སྐྱེ་གནས་དང་། གཉིས་པ་བཀླག་ཐབས་ཕྱོགས་གཉིས་ནས་བརྗོད་ཡོད་པ་ལྟར། ཁོ་བོས་ཀྱང་ཚན་པ་གཉིས་སུ་ཕྱེས་ཏེ་བརྗོད་ན།

དང་པོ། ཡི་གེའི་སྐྱེ་གནས།

《ཡི་གེའི་ཀློག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》[1]རུ། “ཡི་གེའི་སྐྱེ་གནས་ལ་ནི་བརྒྱད་དེ། ཁོག་པ་མགྲིན་པ་རྐན་དང་ལྕེ།། སྣ་དང་སྤྱི་བོ་སོ་དང་མཆུ” ཞེས་གསུངས་ཡོད་ཅིང་། “དེ་དག་ལས་ཁོག་པ་དང་མགྲིན་པ་ནི་ཡི་གེ་ཐམས་ཅད་འབྱུང་སའི་གནས་ཡིན་ལ། འ་ཧ་ཨ་གསུམ་ནི་ཁོག་པ་མགྲིན་པའི་གནས་དང་། ཀ་ཁ་ག་ང་བཞི་ནི་རྐན་ཕུག་ལྕེ་རྩེ།  ཡ་ཞ་ཅ་ཆ་ཇ་ཉ་ཤ་བདུན་ནི་ལྕེ་དཀྱིལ་རྐན་དབུས།  ཏ་ཐ་ད་ན་ར་ལ་དྲུག་ལྕེ་རྩེ་རྐན་མཐའི་རྙིལ། ཙ་ཚ་ཛ་ཟ་ས་ལྔ་པོ་ལྕེ་རྩེ་སོ།  པ་ཕ་བ་མ་ཝ་ལྔ་ནི་མཆུ། ང་ཉ་ན་མ་བཞི་ནི་གོང་དུ་བཤད་ཟིན་པའི་རང་རང་གནས་དང་སྣ་ལས་འབྱུང”ཞེས་གསལ་བྱེད་སུམ་ཅུ་རེ་རེའི་སྐྱེ་གནས་གསལ་བོར་གསུངས་ཤིང་། སྤྱི་བོ་ལས་འབྱུང་བའི་ཡི་གེ་གང་ཡིན་པ་དམིགས་སུ་བསལ་ཏེ་ངོས་འཛིན་མ་བྱས་པར། “དྲག་ལ་སྤྱི་བོའི་ཆ་ཅུང་ཟད་ཡོད”ཅེས་པ་ཙམ་ལས་མ་གསུངས། 《ཡི་གེའི་བཀླག་ཐབས་རང་འགྲེལ》དུ། “གོང་དུ་སྤྱི་བོ་ཞེས་སྨྲས་པ་གང་ཞེ་ན་བོད་ཀྱི་མཁྲེགས་སམ་རྒྱ་གར་གྱི་ཀྵ་ལ་སོགས་པ་གནས་བརྒྱད་ཀ་ཚང་དགོས་ཟེར”[2]ཞེས་མཁྲེགས་ཡིག་ཙམ་ཞིག་ལས་ཡི་གེ་རེ་རེ་དམིགས་བསལ་དུ་མ་གསུངས་ཀྱང་། 《སྨྲ་སྒོ་མཚོན་ཆ》 རུ། “ར་ནི་སྤྱི་བོའི་ཆ་ནས་འབྱུང་བར”[3]གསུངས་ཡོད་པས།   ར་ཡིག་ནི་ལྕེ་རྩེ་རྐན་མཐའི་རྙིལ་དང་སྤྱི་བོ་ལས་འབྱུང་ཞེས་ངོས་འཛིན་བྱེད་དགོས་སམ་སྙམ། དབྱངས་བཞི་ལས་”ཨི་ནི་རྐན་ཕུག་ལྕེ་རྩེའི་ཟུར་དང་། ཨུ་ནི་མཆུ་སྨད།         ཨེ་རྐན་ཕུག ཨོ་ནི་མཆུ་སྟོད་སོ་ལས་འབྱུང”བར་བཤད་པ་འདི་ནི་དེང་གི་དབུས་གཙང་བའི་དབྱངས་ཀློག་སྟངས་དང་ཤིན་ཏུ་མཐུན་ནམ་སྙམ་སྟེ། དཔེར་ན། ཨི་ཞེས་པ་ཡང་ཨིས་ཀྱི་གདངས་དང་ཉེ་བ་དང་། ཨུ་ཞེས་པ་ཨུའུ། ཨེ་དང་ཨོ་གཉིས་ཕལ་ཆེར་རང་ཅག་གི་ཀློག་སྟངས་དང་འདྲ་སེ་བ་ལྟ་བུ་ཞིག་ཏུ་ཀློག་དགོས་པར་འདུག་མོད། རང་ཅག་གི་ཀློག་སྟངས་ནི་ཨི་དང་ཨུ་གཉིས་མཐུན[4]ཞིང་། ཨེ་དང་ཨོ་གཉིས་གོང་དུ་བཤད་པའི་ཀློག་སྟངས་དང་མཐུན་ཙམ་འདུག་པས། རང་རེ་ཨ་མདོའི་ཕྱོགས་ཀྱི་གི་གུ་དང་ཞབས་ཀྱུའི་ཀློག་སྟངས་འདི་ཉིད་དེ་ཙམ་དག་པར་མི་མངོན་ཡང་། དབུས་གཙང་བའི་ཀློག་སྟངས་ལྟར་ཨི་ལ་ཨིས་དང་ཨུ་ལ་ཨུའུ་ལྟར་ཀློག་དགོས་ཞེས་སྨྲས་པ་མིན་ཏེ། ཨ་མདོའི་སྤྱིའི་ཆ་ནས་ཀྱང་དེ་ལྟར་མི་ཀློག་པས་རྣམ་ཀུན་ཇི་ལྟར་ཀློག་པ་ལྟར་ཀློག་རྒྱུ་ལས་ཐབས་མེད་ཀྱང་།  ཀློག་སྟངས་ཡང་དག་པ་ནི་གོང་དུ་འབྱུང་བ་དང་དབུས་གཙང་བའི་ཀློག་སྟངས་དེ་ཡིན་པར་ངེས་སོ།།    མདོར་ན། ཆུང་འབྲིང་སློབ་མ་དག་ཀྱིས་ཀྱང་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་བོ་དག་སྐྱེ་གནས་གང་དག་ལས་འབྱུང་བ་ངེས་པར་བྱས་ན། ཀློག་ཡག་པོ་འབྱུང་བར་ཕན་ཐོགས་ཤིན་ཏུ་ཆེ་བར་ངེས་སོ།།

གཉིས་པ། བཀླག་ཐབས།

གཅིག  ཀློག་གི་གོ་རིམ།

གཞུང་འདི་རུ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི། བརྩེགས་འདོགས་དང་སྔོན་རྗེས་སོགས་ཀྱང་གོ་རིམ་དང་ལྡན་པར་ཀློག་དགོས་པར་གསུངས་ཡོད་དེ། དང་པོ་ཀ་ཁ་སུམ་ཅུ་སློབ་དགོས་ཤིང་། དེ་ནས་གུག་སྐྱེད་དེ་དབྱངས་བཞི་སྦྱར་ཏེ་སྐྱེ་གནས་ལྟར་ཀློག་པ། དེའི་རྗེས་སུ་བརྩེགས་འདོགས་ཅན་གྱི་ཡི་གེ་སློབ་པ། དེ་ནས་སྔོན་འཇུག་དང་རྗེས་འཇུག་གཉིས་རིམ་པ་ལྟར་ཀློག་དགོས་པར་གསུངས་ཡོད་པ་འདི་ནི་སྔ་ན་མེད་པའི་ལེགས་བཤད་ཅིག་ཏུ་འཁུམས་ཤིང་། རང་ཅག་ཀྱང་ལུགས་དེ་ལྟར་སོང་ན་ཤིན་ཏུ་ལེགས་པར་ངེས། རང་ཅག་གི་ནར་མའི་ཀློག་སློབ་སྟངས་ལ་དེ་འདྲའི་ལུགས་ངེས་གཏན་མེད་པར། ཕལ་ཆེར་ཀ་ཁ་སུམ་ཅུ་དང་དབྱངས་ཀྱི་རིམ་པ་བསླབ་རྗེས། སྔོན་འཇུག་དང་རྗེས་འཇུག་གི་སྦྱོར་ཚུལ་ཁྲིད་པའམ། བརྩེགས་འདོགས་ཀྱི་རིམ་པ་ཅི་རིགས་ལ་འཇུག་པར་བྱེད། འོན་ཏེ། ཀློག་སློབ་པ་ལ་གཏན་འཁེལ་གྱི་གོ་རིམ་ཞིག་ཡོད་ན་ཧ་ཅང་ལེགས་པར་ངེས་པས།  རང་རེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་ཀྱང་འདིར་གསུངས་པའི་རིམ་པ་དེ་ལྟར་སོང་ན་ཧ་ཅང་ལེགས་པར་ངེས་སོ།།

གཉིས། ཀློག་ཚུལ་དངོས།

གཞུང་འདིར“དེ་ནས་བརྩེགས་པའི་ཡི་གེ་བསླབ།། བཏགས་པའི་བརྡར་ནི་སྟ་ཞེས་བྱ” ཞེས་དང་། ཡང་འདི་རུ།  “དབུས་པས་ར་ཡི་མགོ་ཅན་དང་།། རྐྱང་བར་འདྲ་ཞིང་ཡ་སྟ་དང་།། ར་སྟ་ཡང་ནི་ནོར་བ་ཡོད” ཅེས་འབྱུང་ཞིང་། རང་ཅག་རྩེ་ཁོག་ཡུལ་གྱི་སྐད་དུ་ཡང་ཀ་ར་སྟ་ཀྲ ཀ་ཡ་སྟ་ཀྱ་ཞེས་འདོགས་ཅན་དག་སྟ་ཞེས་ཀློག་པས། ཀློག་སྟངས་དེ་ཉིད་ཧ་ཅང་དག་པ་ཤེས་ཏེ། འདི་ཙམ་མ་ཟད། ས་སྐྱ་པཎ་ཆེན་གྱིས་མཛད་པའི་《ཡི་གེའི་སྦྱོར་བ་》རུ་ཡང་། “ཡ་སྟ་ར་སྟ་ཝ་སྟ་གསུམ”[5]ཞེས་གསུངས་པའི་ཕྱིར་རོ།།  སྤྱིར་བཏང་ཙམ་ལ“བོད་ཡིག་ཡ་ར་ལ་ཝའི་འདོགས་བཞི་ལ་བརྩེགས་པའི་ཐ་སྙད་མི་བྱེད”[6]ཅེས་འདོགས་ཅན་ལ་བརྩེགས་པའི་མིང་མི་ཐོབ་ཀྱང་། འདིར་བརྩེགས་པ་ཞེས་པ་མགོ་ཅན་དང་འདོགས་ཅན་གཉིས་ཀར་གོ་དགོས་པར་འདུག 

༡ མགོ་ཅན་གསུམ་གྱི་ཀློག་ཚུལ།

མགོ་ཅན་གསུམ་ཇི་ལྟར་ཀློག་པའི་ཐད།  “དེ་ལ་ར་མགོ་ལྕེ་རྩེ་འདར།། ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད།། ས་མགོ་སོ་ཡི་བར་ནས་འབྱུང”ཞེས་གསུངས་ཡོད་དེ། ར་མགོ་ནི་ལྕེ་རྩེ་འདར་བའི་སྒྲ་དང་བཅས་ཏེ་ཀློག་དགོས་པར་གསུངས་ཤིང་། རང་ཅག་རྩེ་ཁོག་པས་ཡི་གེ་ཀློག་དུས་ཀྱང་། རྟ་ལྟ་བུ་ཀློག་དུས་ར྄ཏ་ཞེས་ར་མགོ་ཧ་ཅང་གསལ་ལ། ལྕེ་རྩེ་འདར་བའི་སྒྲ་ཡང་བག་ཙམ་ལྡན་པས། ར་མགོ་ཀློག་སྟངས་ནི་དག་པར་སྣང་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནས་ཀྱང“ར་མགོ་དག་པར་ཀློག་པ་ནི་ཨ་མདོའི་འབྲོག་པ་རྣམས་བཟང་། རྟ་ལ་ར྄ཏ་སོགས་ཟེར”[7]ཞེས་བསྟོད་པ་གནང་ཡོད་དོ།།  ལ་མགོ་ནི་ལྕེ་ཀློད་རྒྱ་ཡང་བསྐྱེད།། ཅེས་ལྕེ་ལྷོད་རྒྱ་བསྐྱེད་པའི་གདངས་དེ་ཉིད་རང་ཅག་ལ་མི་འདུག་པར། ཕལ་ཆེར་ས་མགོ་དང་མཐུན་པར་ཀློག་པས། ལ་མགོ་ཇི་ལྟར་ཀློག་དགོས་ཚུལ་ཐད་བསམ་བློ་བཏང་ན་འགྲིག

ས་མགོ་སོ་ཡི་བར་ནས་འབྱུང་ཞེས་པ་ནི་སྐ་ལྟ་བུ་ཡང་ས྄ཀ་ཞེས་སོ་བར་ནས་འབྱུང་དགོས་པར་གསུངས་པ་ཡིན་ལ། རང་ཅག་གིས་ནི་སྔ་དང་སྙ། སྣ་དང་སྨ་སོགས་ས་མགོ་ཅན་གྱི་ཡི་གེ་བཞི་སྣ་སྒྲ་སྟེ། སྣ་ལས་དབུགས་བྱུང་སྟེ་ཀློག་པ་མ་གཏོགས་ས་མགོ་ཕལ་ཆེར་ལ་མགོ་དང་གདངས་གཅིག་ཏུ་གནས། མཁས་དབང་དགེ་ཆོས་མཆོག་གིས“ས་མགོ་དག་པར་ཀློག་མཁན་ནི་བླ་དྭགས་པ་ཙམ་སྟེ་ཁོང་རྣམས་སྐྲ་ལ་སཀར། བྲང་ལ་བ྄ར྄ང྄་དང་། སྤྲོད་ལ་ས྄པ྄ར྄ོད་སོགས་སུ་ཀློག”[8]ཅེས་ལ་དྭགས་ཡུལ་གྱི་སྐད་དུ་ས་མགོ་དག་པར་གསུངས་ཡོད་པར་གསུངས་ཡོད་ཅིང་། རྒྱལ་མོ་ཚ་བ་རོང་བ་སོགས་ལ་ཡང་ས་མགོ་དག་པར་ཀློག་ཚུལ་ཡོད་པར་བཤད་དོ།། གོང་དུ་དྲངས་པའི་ར་མགོ་དང་ས་མགོ་དག་པར་ཀློག་པའི་ཡུལ་དེ་དག་གི་ཀློག་སྟངས་ལ་དཔགས་ན། སྔོན་གྱི་དུས་སུ་མགོ་ཅན་དེ་དག་གི་སྒྲ་ཡང་ཧ་ཅང་གསལ་བ་ཤེས། དེས་ན་རང་ཅག་གིས་ཀྱང་དེ་ལྟར་ཀློག་རྒྱུ་དཀའ་མོད།  ར་མགོ་དང་ལ་མགོ་ས་མགོ་སོགས་ཀྱི་གདངས་བག་ཙམ་མི་འདྲ་བ་བྱས་ཏེ། ར་མགོ་ལ་ར་སྒྲ་དང་ལ་མགོ་ལ་སྒྲ། ས་མགོ་ལ་ས་སྒྲ་བག་ཙམ་ལྡན་པར་བྱས་ཏེ་ཀློག་དགོས་སམ་སྙམ།

༢ སྔོན་འཇུག་གི་ཀློག་ཚུལ།

“འས་འཕུལ་ཐོག་མར་རྐན་ནས་འབྱུང་།། དས་འཕུལ་ལྕེ་རྩེ་ཀློད་པ་ལས།། བ་མས་འཕུལ་ལ་ཐོག་མར་ནི།། མཆུ་བཙུམས་པ་ལ་ཁྱད་པར་སྣ།། འས་འཕུལ་གྲེ་བའི་ཕུག་ནས་འབྱུང” ཞེས་གསུངས་ཤིང་། སྔོན་འཇུག་འ་ནི་རྐན་དང་གྲེ་བའི་ཕུག་ནས་འབྱུང་ཞེས་པའི་དོན་ཏེ། འཛའ་ལྟ་བུས་མཚོན་པའི་འ་འཕུལ་ཅན་མཐའ་དག་དེ་བཞིན་ནོ།། སྔོན་འཇུག་ད་ནི་འབྱུང་གནས་ལྕེ་རྩེ་ཡིན་པའི་དབང་གིས་མིང་གཞི་སོགས་དང་སྦྱར་ཏེ་ཀློག་དུས་ཀྱང་ལྕེ་རྩེ་གློད་པའི་ཚུལ་གྱིས་ཀློག་དགོས་པར་འདུག་གོ བ་དང་མའི་འཕུལ་ཅན་དག་ནི། བ་ཡིག་འབྱུང་གནས་མཆུ་བཙུམས་ཏེ་འབྱུང་བའི་དབང་གིས། མིང་གཞི་དང་སྦྱར་ནས་ཀློག་དུས་ཀྱང་མཆུ་བཙུམས་དགོས་པར་གསུངས་ལ། རང་རེའི་རྩེ་ཁོག་སྐད་དུ་ཡང་དཔེར་ན། བཀའ་ལྟ་བུར་ཡང་མཆུ་བཙུམས་པའི་ཚུལ་གྱིས་བ྄ཀ྄འ་ཞེས་བ་སྒྲ་དང་ལྡན་པར་ཀློག་ཅིང་།  དེ་ལྟར་ཀློག་པ་དེ་ཉིད་ཧ་ཅང་དག་པར་འདུག་གོ་སྙམ་མོ།  མ་ཡིག་ནི་སྣ་ནས་འབྱུང་བའི་དབང་གིས།  སྔོན་འཇུག་གི་སྐབས་སུ་ཡང་སྣ་སྒྲ་དང་ལྡན་པར་གསུངས་ཤིང་། རྩེ་ཁོག་པའི་སྐད་དུ་ཡང་དེ་ལྟར་སྣ་སྒྲ་དང་ལྡན་པར་ཀློག་སྟེ།  དཔེར་ན། མཛའ་ལྟ་བུར་ཡང་ཐོག་མར་མ་དང་དེ་ནས་སྔོན་རྗེས་ཀྱི་སྒྲ་བཅས་གསལ་བོར་འབྱིན་པ་ཡིན་ཞིང་། དེ་ལྟ་བུ་ནི་ཀློག་ཚུལ་དག་པ་ཡིན་པས་མུ་ནས་དེ་ལྟར་ཀློག་པ་གལ་ཆེའོ།།

༣ རྗེས་འཇུག་གི་ཀློག་ཚུལ།

རྗེས་འཇུག་གི་ཐད་སོར། “མཐའ་རྟེན་གྱི་ནི་ཡི་གེ་ལ།། བཞག་ཅེས་བྱ་བ་བརྗོད་པར་བྱ”ཞེས་རྗེས་འཇུག་སྦྱར་ཏེ་ཀློག་དུས་བཞག་ཅེས་བརྗོད་དགོས་པར་གསུངས་ཤིང་། རང་རེ་ཅག་གི་ཀློག་སྟངས་ཀྱང་དེ་དང་ཡོངས་སུ་མཐུན་ཏེ། དཔེར་ན། བསྐྱོད་ལྟ་བུར་མཚོན་ན་ཡང་། བ་ས་ག་བཏགས་སྐ་ཡ་སྟ་བསྐྱ་ན་རོ་བསྐྱོ་ད་བཞག་བསྐྱོད་ཅེས་ཀློག་པ་ཡིན་ལ།  འདི་ལ་རྗེ་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང“རྨ་ལྷོ་རྒྱུད་དུ། ས་ཀ་བཏགས་སྐ། སྐ་ཡ་བཏགས་སྐྱ། སྐྱ་བ་ས་བཞག་སྐྱབས། ག་ན་ས་བཞག་གནས་ཞེས་ཀློག་པ་དང་། རྨ་བྱང་རྒྱུད་དུ་དེ་ལྟ་མིན་པར་ཧ་ཅང་ལས་སླ་བོ་བྱས་ནས། ག་ང་གང་། ན་ས་ནས། ད་ཀ་ན་རོ་དཀོ་ན་དཀོན་ཞེས་ཀློག་པ་ཡིན་ཙ་ན། བཞག་དང་སྦྱར་ཞེས་པ་ཡོད་ན་དོན་གྱི་གོ་བ་ཆགས་པ་ལ་ཕན་པ་ཤིན་ཏུ་ཆེ་སྟབས་ང་རང་ཅི་ནས་ཀྱང་ལྷོ་རྒྱུད་ལྟར་བྱེད་པ་ལ་དགའོ”[9]ཞེས་རྗེས་འཇུག་གི་སྐབས་སུ་བཞག་ཅེས་པ་སྦྱར་ཏེ་ཀློག་པར་འཐད་ཚུལ་གསུངས་ཡོད། དེས་ན་རང་ཅག་གིས་ཀྱང་ཀློག་སྟངས་བཟང་པོ་འདི་ཉིད་ཀྱི་མུ་སྐྱོང་རྒྱུ་གལ་ཆེའོ།།

༤ ཕྲལ་ཏེ་ཀློག་ཚུལ།

འདི་རུ། “འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་།། གོ་རིམ་བཞིན་དབྱུང་མ་ཕྱིན་ན།། འདི་ཡང་ཕྲལ་ཞིང་བཀླག་པ་སྟེ།། མཁྲ་ལ་མཁའ་ར་ཇི་བཞིན་ནོ”ཞེས་འབྱུང་བས། ཡི་གེ་ཀློག་དུས་མཁྲ་ལྟ་བུས་མཚོན་པའི་ཡི་གེ་སྔོན་འཇུག་དང་འདོགས་ཅན་ཞུགས་པའི་ཡི་གེ་དག་ཇི་བཞིན་སྒྲ་གསལ་བོར་ཀློག་མ་ཐུབ་ཚེ། མཁྲ་ལྟ་བུ་ཡང་མཁའ་ར་ཞེས་བཀླགས་ཀྱང་ཆོག་ཅེས་པའི་དོན་ཡིན་མོད།། འདི་ཉིད་སྔོན་གྱི་ཀློག་སྟངས་ཡིན་པས། དེང་སང་དེ་ལྟ་ཉིད་དུ་ཀློག་རུང་མིན་བཤད་དཀའ་ཡང་། མཁྲ་ལྟ་བུའི་སྒྲ་ཡང་དང་པོ་ནི་མཁའ་ར་ཞེས་པ་མགྱོགས་པར་བཀླགས་ཏེ་བྱུང་བ་ཡིན་པ་ཤེས་དགོས་པའི་ཆེད་དུ་གསུངས་སམ་སྙམ་པས། རང་ཅག་ཀྱང་འདི་ལྟ་བུའི་ཡི་གེ་ཀློག་ཚུལ་ཡང་དག་པ་མི་ཤེས་པ་རེ་ལ་ཐུག་ཚེ། ཕྲལ་ཏེ་ཀློག་སྟངས་འདི་ཉིད་ལ་བརྟེན་ཏེ་བསླབ་ན་ཡང་དཀའ་གནད་སེལ་བ་ལ་ཕན་ཐོགས་ཆེ་སྟེ། དཔེར་ན། སྣྲ་ལྟ་བུ་ཀློག་དུས་སུ། ཐོག་མར་སྣ་ཡི་ཀློག་སྟངས་ངེས་པར་བྱས་ཤིང་། དེ་ནས་སྣ་དང་ར་གཉིས་ཀྱི་སྒྲ་འདུས་པ་ལས་སྣྲ་ལྟ་བུ་འབྱུང་བའི་གནད་ཤེས་པར་བྱས་ན་ཀློག་ལེགས་པོ་ཤེས་པར་ཕན་ཏེ། བོད་ཀྱི་ཡི་གེ་དག་ནི་དང་པོ་ཕྲལ་ཏེ་ཀློག་པ་ཡིན་ལ། དེ་ནས་རིམ་བཞིན་དེང་སང་གི་ཀློག་སྟངས་འདི་བྱུང་བ་ཡིན་པས། ཡང་དཔེར་ན། ཀྱ་དང་མྱིང་ལྟ་བུ་ཡང་དང་པོ་ཀ྄ཡ་དང་མ྄ི་ཡ྄ི་ང་ཞེས་བཀླགས་ཤིང་། རིམ་བཞིན་མགྱོགས་པོར་ཕྱིན་ཏེ་ཀྱ་དང་མྱིང་ཞེས་པའི་སྒྲ་རང་བཞིན་གྱིས་འབྱུང་ངོ་།།

གསུམ། ཞར་བྱུང་དཀའ་གནད་ཀྱི་སྐོར།

༡ བཀླག་དཀའ་བའི་ཡི་གེ

འདི་རུ་རང་ཅག་གིས་རྣམ་ཀུན་མཐོང་མ་མྱོང་བའི་ཡི་གེ་མང་པོ་ཞིག་དྲངས་ཡོད་དེ། “དེ་བཞིན་བསྐྲ་བསྟྲ་བསྲ་སྤྲ་དང་།། བསྒྲ་བསྦྲ་བསྟྲ་བཟྲ་བཀྲ་བཏྲ་བགྲ།། འགྲ་འདྲ་འགྱ་མགྱ་འབྲ་དགྲ་དྷྲ།། འཁྲ་འཐྲ་འཕྱ་འཁྱ་འཕྲ་མཐྲ་དང་།། སྐྲ་སྟྲ་སྲ་སྒྲ་ཟྲ་སྡྲ་པྲ།། དེ་ལྟར་དེ་དག་ཐམས་ཅད་ལ།། གུག་སྐྱེད་བཞི་དང་མཐའ་རྟེན་དགུ།། སྦྱར་བ་བཀླག་པ་རབ་ཏུ་དཀའ”ཞེས་གོང་གི་ཡི་གེ་དག་ལ་དབྱངས་བཞི་རྗེས་འཇུག་སོགས་སྦྱར་ཏེ་ཀློག་པ་དཀའ་ཚུལ་གསུངས་ཤིང་། དེ་དག་ལས་རང་ཅག་གིས་རྒྱུན་དུ་མཐོང་ཐུབ་པ་ནི་བསྐྲ་དང་བསྲ་སྤྲ། བསྒྲ་བཀྲ་བགྲ། འགྲ འདྲ། འགྱ། མགྱ། འབྲ། དགྲ། འཁྲ། མཁྱ། འཕྲ། སྐྲ། སྲ། སྒྲ། པྲ་སོགས་ཡིན་ལ། དེའི་ཤུལ་གྱི་བསྟྲ་བསྦྲ་བསྟྲ། བཟྲ། བཏྲ། འཐྲ། སྟྲ། སྡྲ། ཟྲ་སོགས་ནི་མཐོང་ཡང་དཀོན་པས་ཀློག་མྱོང་བ་ནི་ལྟ་ག་ལ་ཞིག གཞན་དུ་ཡང་དེ་ལྟ་བུའི་ཡི་གེ་ཡེ་ནས་མི་སྲིད་པ་ནི་ག་ལ་ཡིན་ཏེ། ཏུན་ཧོང་ཡིག་རྙིང་དུ་བཙན་མོ་སད་མར་ཀར་དང་ཞང་ཞུང་རྒྱལ་པོའི་ལོ་རྒྱུས་བརྗོད་སྐབས། “ལིག་མྱི་རྷྱ”[10]ཞེས་ར་ལ་ཧ་བཏགས་དང་ཡ་སྟ་ཞུགས་པའི་ཡི་གེ་རྷྱ་ལྟ་བུ་ཡང་བྱུང་ཡོད་ལ། ཞོལ་རྡོ་རིང་ཕྱི་མའི་ཡི་གེར། “ཕྲཿམཿམྱྀཿགསྩནྡ”[11]ཞེས་གསན་གྱི་ཚབ་ཏུ་གསྩནྡ་འདི་ལྟ་བུ་བྱུང་། དེས་ན་གོང་གི་དེ་དག་གི་ཀློག་སྟངས་ཅི་ལྟར་ཡིན་ཟེར་ན། ཀློག་སྟངས་འདྲ་བའི་ཡི་གེ་དག་ཚིག་རྐང་རེ་རེར་ལྷན་དུ་སྦྱར་ཡོད་པས།  བསྟྲ་ནི་བསྐྲ་དང་མཐུན་པའི་གདངས་དང་། དེ་བཞིན་བཏྲ་ཡང་བཀྲ་དང་ཉེ་བའི་གདངས་ཀྱིས་ཀློག་པ་སྟེ། ལྷན་དུ་ཡོད་པའི་ཡི་གེ་དག་གདངས་ཉེ་བར་ཀློག་དགོས་སམ་སྙམ།། ཡི་གེ་འདི་དག་ལས་གང་ཞིག་བཀླག་ན་ཡང་རང་རང་གི་སྐྱེ་གནས་ཡིད་ལ་ངེས་རྒྱུ་གལ་ཆེའོ། །

༢ ཡི་གེ་ཀློག་ལ་མཁས་པའི་ཚད།

འདི་རུ། “ཀློག་སྐད་སློབ་པ་ཐོག་མའི་ཚེ།། བཀླག་པ་སླ་ལ་བསླབ་པར་བྱ།།དེ་ནས་དལ་བར་བྱ་བ་དང་།། དབུགས་ཐག་བསྲིང་བ་ཉིད་ལ་བསླབ” ཅེས་ཀློག་ཐོག་མར་སློབ་པའི་ཚེ་ན་ཀློག་སླ་བའི་ཡི་གེ་དག་ལ་བསླབ་པར་བྱ་སྟེ། “དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཞེས་དང་།། དེ་བཞིན་གཤེགས་པ་དགྲ་བཅོམ་པ།། སངས་རྒྱས་སློབ་དཔོན་བྱང་ཆུབ་སེམས་དཔའ་སོགས”བརྗོད་པ་རབ་ཏུ་དཀའ་བ་ཡིན་ཞེས་འདི་ཉིད་དུ་འབྱུང་ཞིང་། དེའི་འགྲེལ་བར། “དགྲ་བཅོམ་ལ་དགྲབ་བཅོམ་ཟེར་བ། སངས་རྒྱས་འགྱས། སློབ་སློས། བྱང་ཆུབ་ཆུག”[12]ཅེས་འབྱུང་བས། ཡི་གེ་དེ་དག་ནི་སྔོན་འཇུག་དང་རྗེས་འཇུག་གི་སྒྲ་ཟུར་ཕྱིན་པ་ཀློག་མ་ཐུབ་པའི་དབང་གིས་ཀློག་དཀའ་བའི་གྲས་སུ་བགྲང་ཡོད་པས། ཡི་གེ་ཐོག་མར་སློབ་དུས་གོང་དུ་དྲངས་པའི་ཡི་གེ་འདི་ལྟ་བུ་དག་མི་སློབ་པར་ཅུང་ཟད་ཀློག་སླ་བའི་ཡི་གེ་དག་ལ་བསླབ་དགོས་པ་བསྟན་པ་ཡིན་ཏེ།   དེ་ལྟར་བསླབ་སྟེ་ཤེས་པའི་ཚེ་ན། ཡི་གེ་དག་དལ་བར་དབུགས་ཐག་བསྲིངས་ཏེ་སློབ་དགོས་པར་གསུངས་ཤིང་། ཡང་དེ་ཉིད་དུ། “ཟུར་ཕྱིན་མ་ནོར་ལྷག་ཆད་མེད།། སྒྲ་སྐད་མཉམ་ལ་ཐོགས་རྡུགས་མེད།། དལ་ཞིང་མགྲིན་པ་རབ་ཏུ་སྙན།། ཀློག་མཐར་ཕྱིན་པའི་ཚད་ཡིན་ནོ”ཞེས་ཡི་གེའི་ཟུར་མ་ཉམས་པར་ལྷག་མ་དང་ཆད་པ། ཐོགས་རྡུགས་སོགས་མེད་པ། དལ་ཞིང་ཉན་ན་སྙན་པ་སོགས་ནི་ཀློག་ལ་བྱང་བའི་ཚད་ཡིན་པར་གསུངས་འདུག་པས།  སློབ་གྲྭ་ཆུང་འབྲིང་འགྲིམས་བཞིན་པའི་སློབ་མ་དག་གིས་ཀྱང་། གོང་དུ་གསུངས་པའི་ཚད་གཞི་དེ་ལྟར་བསླབ་ན་ལེགས་པ་ལས། ཤིན་ཏུ་མགྱོགས་པར་ཀློག་པ་ཟུར་མ་ཕྱིན་པར་ཀློག་པ་སོགས་ནི་ཀློག་ལ་བྱང་བའི་རྟགས་མ་ཡིན་ནོ།།

མཇུག་བསྡུ་བ།

གོང་དུ་གླེང་བའི་ཡི་གེ་ཀློག་ཐབས་ཀྱི་སྐོར་ལས་དབྱངས་བཞི་དང་བརྩེགས་འདོགས་ཀློག་སྟངས་སོགས་གནད་དུ་མ་ཞིག་ནི་གཅིག་ཏུ་ན་དབུས་གཙང་བའི་ཀློག་སྟངས་དང་མཐུན་ཆེས་པ་དང་། གཉིས་སུ་ན་ད་ནས་ཡར་བརྩིས་པའི་ལོ་བདུན་བརྒྱ་ལྷག་གི་གོང་དུ་བརྩམས་པའི་ཡིག་ཆ་ཡིན་པ་ཉིད་ཀྱིས། རང་ཅག་ལ་ཇི་བཞིན་སྦྱོར་མི་ཐུབ་ཀྱང་། དེ་རུ་བྱུང་བའི་ཡི་གེའི་སྐྱེ་གནས་དང་སྒྲ་འབྱིན་ཐབས་སོགས་གནད་མང་པོ་ཞིག་ནི་བོད་ཀྱི་ཡི་གེ་ཀློག་ཚུལ་གྱི་རྩ་བའི་ཆིངས་ལྟ་བུ་ཡིན་པས། དེ་ཉིད་ཁུངས་སུ་བྱས་ཏེ་རང་ཉིད་ཀྱི་ཡི་གེ་ཀློག་སྟངས་ལ་དག་བཅོས་དང་དེ་དང་འབྲེལ་བའི་གནད་དུ་མ་ཞིག་ལ་ཞིབ་འཇུག་ནི་ངེས་པར་བྱེད་ཆོག་པར་བསམ།

[1] རྩོམ་ཡིག་འདིར་བཟླས་སྐྱོན་མི་འབྱུང་ཆེད་《ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག་》 གི་མཚན་ལ་གཞུང་འདིར་ཞེས་དང་འདི་རུ་ཞེས་བྲི་རྒྱུ་ཡིན་ནོ།།
[2] ས་པཎ་ཀུན་དགའ་རྒྱལ་མཚན་སོགས། 《སུམ་རྟགས་དང་དག་ཡིག》[M] མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ཤོག་ངོས། ༡༧༦
[3] དྲན་པ་ཡེ་ཤེས་གྲགས་པ། 《སྨྲ་སྒོ་མཚོན་ཆ》[M]མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ཤོག་ངོས།༢༧
[4] ལན་རེར་གི་གུ་དང་ཞབས་ཀྱུའི་ཀློག་སྟངས་མི་འདྲ་བའང་ཡོད་དེ། རུང་དང་དུངས། ཁུང་སོགས་ནི་རིང་དང་དིངས། ཁིང་སོགས་དང་ཡེ་མི་འདྲ་བར་མཆུ་བཙུམ་སྟེ་ཀློག་པ་ཡིན་ནོ།།
[5] 《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ》པོད་དང་པོ།  [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ཤོག་ངོས།༡༣
[6] ཞྭ་ལུ་ལོ་ཙཱ་བ་སོགས། 《སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ཤོག་ངོས། ༡༧༣
[7] 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 དེབ་དང་པོ།[M] ༢༠༠༨ བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། ཤོག་ངོས། ༢༧༤
[8] 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 དེབ་དང་པོ།[M] ༢༠༠༨ བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། ཤོག་ངོས། ༢༧༤
[9] 《མཁས་དབང་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་》པོད་དང་པོ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་ངོས།༥༤༣
[10] དབང་རྒྱལ།《 ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》[M]མཚོ་སྔོན་མི་རིགས་སློབ་གླིང་། ༡༩༧༩ ཤོག་ངོས། ༥༧
[11]  ཆབ་འགག་རྟ་མགྲིན། 《བོད་ཡིག་རྡོ་རིང་ཞིབ་འཇུག 》[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༩ ཤོག་ངོས། ༦
[12]ས་པཎ་ཀུན་དགའ་རྒྱལ་མཚན་སོགས། 《སུམ་རྟགས་དང་དག་ཡིག》[M]མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ཤོག་ངོས། ༡༨༠





主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青



编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心