第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > ཕྱུགས་རྫི་ཞིག་ནས་རྒྱལ་ཡོངས་ལ་གྲཊ་པའི་བོད་ཕྲུག་རིན་ཆེན་དོན་འགྲུབ།

ཕྱུགས་རྫི་ཞིག་ནས་རྒྱལ་ཡོངས་ལ་གྲཊ་པའི་བོད་ཕྲུག་རིན་ཆེན་དོན་འགྲུབ།

2021年10月14日 18:06:07 访问量:328

ཕྱུགས་རྫི་དཀྱུས་མ་ཞིག་ནས་རྒྱལ་ཡོངས་ལ་སྐད་གྲགས་བཞག་པའི་བོད་ཕྲུག་རིན་ཆེན་དོན་འགྲུབ།


གསར་འགོད་པ། གཡང་འབུམ་ཚེ་རིང་།




ཟླ9བའི་ཚེས26ཉིན། སྐབས་བཅུ་བཞི་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལས་མཆོང་རྒྱུག་འཕེན་གསུམ་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ཆར་ནང་དུ་སྤེལ་བ་རེད། འགྲན་ཞུགས་པ28ཀྱིས་ཆར་བའི་ཁྲོད་ཛ་དྲག་གི་འགྲན་སྡུར་ལ་ནུས་ཤུགས་ཡོད་རྒུས་གདོང་ལེན་བྱས་ཤིང་། མཐར་མཚོ་བྱང་གི་ལུས་རྩལ་པ་རིན་ཆེན་དོན་འགྲུབ་ཀྱིས་ཨང་དང་པོ་བླངས། དེ་ནི་མཚོ་སྔོན་འཐུས་ཚབ་ཚོགས་པར་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པས2013ལོའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་བླངས་ནས་ལོ་བརྒྱད་སོང་རྗེས་སླར་ཡང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལས་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས་པ་དེའང་རེད། གཟི་བརྗིད་ཆེ་བའི་གྲུབ་འབྲས་འདིའི་རྒྱབ་ཏུ་ན་གཞོན་འགྲན་ཞུགས་པ་དེས་དཀའ་ཚེགས་ཤིན་ཏུ་ཆེ་བའི་སྦྱོང་བརྡར་དང་འགྲན་སྡུར་ལ་གྲ་སྒྲིག་བྱས་པའི་ཉམས་མྱོང་སྦས་ཡོད་པ་སྨྲས་མ་དགོས། ཉེ་ཆར་གསར་འགོད་པ་ཆེད་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་གི་ཕུལ་བྱུང་ལུས་རྩལ་པ་འདི་ལ་བཅར་འདྲིར་ཕྱིན་པ་ཡིན།




2000ལོའི་ཟླ10བའི་ཚེས15ཉིན། རིན་ཆེན་དོན་འགྲུབ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མདའ་བཞི་བུ་རྒོད་སྡེ་བ་རུ་སྐྱེས། དེ་ནི་ལུས་རྩལ་པ་གཏན་ནས་བྱུང་མྱོང་མེད་པའི་འབྲོག་ཁྱིམ་ཕལ་བ་ཞིག་རེད་ཅེས་བཤད་ཆོག རིན་ཆེན་དོན་འགྲུབ་ཆུང་དུས་ནས་ཕ་ཡུལ་དུ་སྤོ་བོ་དང་རྨོ་བོའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་ཞིང་། སློབ་གྲྭ་གྲོལ་རྗེས་ཁྱིམ་དུ་ཕྱུགས་འཚོ་རོགས་བྱས་པ་རེད། ཁོ་ཆུང་དུས་རྩྭ་ཐང་ཐོག་ནོར་ལུག་འདེད་རྒྱུར་དགའ་པོ་འདུག སྣང་མེད་དུ་བཞག་པའི་སྡུག་རུས་ཀྱིས་ཁོ་ལ་སྟོབས་དང་ལྡན་པའི་ལུས་ཕུང་བསྩལ་ཏེ། རྒྱང་རྒྱུག་ལུས་རྩལ་ལ་འཇུག་པར་ལུས་པོའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་འདྲ།




ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་ཨང་གཉིས་པ་ཆོས་དབྱིངས་སྐྱིད་དང2017ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་ཨང་གཉིས་པ་མཚོ་མོ་སྐྱིད། 2019ལོར་ཁྲང་པེ་རི་བོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་སྡུར་གྱི་ཨང་དང་པོ་བཀྲ་ཤིས་གཡང་འབུམ། 2018ལོའིUTMBའགྲན་རའི་ཨང་དང་པོ་ལེན་མཁན་ཐོག་མ་རྒྱལ་ཏོག་ནོར་བུ་རྒྱལ་སོགས་མིང་དུ་གྲགས་པའི་ལུས་རྩལ་པ་འདི་དག་ལ་མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ཚང་མ་རྒྱུས་མངའ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ནང་དུའང་མི་མང་པོར་རྒྱུས་མངའ་ཡོད། ཁོང་ཚོ་ཚང་མ་མཚོ་བྱང་གི་ཡིན་པ་དང་མཚོ་བྱང་གི་ས་གཞི་ཆེན་མོའི་ཐོག་འཚར་ལོངས་བྱུང་ནས་མཚོ་བྱང་ལ་ལུས་རྩལ་གྱི་མཚན་སྙན་ཆེན་པོ་བསྩལ་བ་རེད། དེ་བས། མཚོ་བྱང་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་རྣམ་གྲངས་ཀྱི“གསེར་གྱི་རྟགས་མའི་ཕ་ས”ཡིན་ཞེས་བརྗོད་ཆོག་ཆོག་རེད།






གསེར་ས་འོག་ཏུ་སོང་ཡང་འོད་ནམ་མཁར་ཁྱབ་ཅེས་པ་ལྟར། རིན་ཆེན་དོན་འགྲུབ་གླེང་ཡོང་ཚེ། མཚོ་བྱང་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ་ཚེ་རིང་ནོར་བུས་ད་ལྟ་ད་དུང་ཐོག་དང་པོར་རིན་ཆེན་དོན་འགྲུབ་ལ་ལུས་རྩལ་ཐད་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པའི་རྣམ་པ་གསལ་བོར་དྲན་གྱིན་འདུག 2015ལོར་རིན་ཆེན་དོན་འགྲུབ་ཀྱིས་མཚོ་བྱང་ཁུལ་གྱི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པར་ཞུགས་ནས། སྐྱེས་པའི་རྒྱང་རྒྱུག་སྨི3000ཅན་དང10000ཅན་གཉིས་ཀྱི་ཨང་དང་པོ་བླངས་པ་རེད། ཁོ་ཐེངས་དང་པོར་འགྲན་སྡུར་ལ་ཞུགས་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་དེ་འདྲ་བླངས་པ་ནི་དངོས་གནས་ཧང་སངས་དགོས་པ་ཞིག་རེད། དེའི་ཕྱིར་རིན་ཆེན་དོན་འགྲུབ་ལ་རྩལ་ཁྲིད་དགེ་རྒན་ཚེ་རིང་ནོར་བུས་ཀྱང་དོ་སྣང་དཔེ་མེད་བྱས། 2018ལོར་ཁོ་མཚོ་སྔོན་ཞིང་ཆེན་གྱི་རུ་ཁག་ཏུ་འོས་སྦྱོར་བྱས་ནས་རྩལ་ཁྲིད་དགེ་རྒན་སུའུ་ཝེ་དང་མཉམ་དུ་ཚད་ལྡན་ངང་རྒྱང་རྒྱུག་སྦྱོང་བརྡར་བྱས། སྦྱོང་བརྡར་བྱེད་པའི་རིང་ལུས་ཕུང་གི་དབང་གིས་སྦྱོང་བརྡར་བྱེད་མཚམས་བཞག་མོད། འོན་ཀྱང་མཐར་ཁོས་རྒྱུན་འཁྱོངས་བྱས་པར་མ་ཟད། ཁྱད་དུ་འཕགས་པའི་རྒྱང་རྒྱུག་གི་ལྷན་སྐྱེས་ནུས་པ་མངོན་པར་བྱས། དེའི་རྗེས་ཁོ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཁག་ཏུ་ཞུགས་ནས་དེ་ལས་ལྷག་པའི་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་མགོ་བརྩམས། ལོ་གཅིག་གི་ཆེད་ལས་སྦྱོང་བརྡར་བརྒྱུད་རྗེས། 2019ལོ་ནས་བཟུང་རིན་ཆེན་དོན་འགྲུབ་རྒྱལ་ཡོངས་རང་བཞིན་གྱི་འགྲན་སྡུར་ཁག་ཅིག་ཏུ་ཞུགས་ཏེ། རྒྱལ་ཡོངས་ཀྱི་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་སྨི10000ཡི་འགྲན་སྡུར་ཁྲོད་རྒྱལ་ཁའི་ངང་རྟིང་རྩོད་དུ་ཚུད་པ་དང་། 2019ལོའི་ཞི་ཨན་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་གི་གཟེངས་རྟགས་འགྲན་སྡུར་སྟེང་ཁོ་ལ་སྐར་མ68དང་སྐར་ཆ27གྱི་ཕུལ་བྱུང་གྲུབ་འབྲས་ཐོབ། 2019ལོར་ཧུང་ཀུའུ་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་སྟེང་སྐར་མ68དང་སྐར་ཆ33གྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས། 2019ལོར་ཅན་ཉན་ཆུ་ཚན་མཐོ་སྒང་རྒྱལ་སྤྱིའི་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་སྟེང་སྐར་མ68དང་སྐར་ཆ25ཡི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་བླངས། 2020ལོར་ལན་ཀྲིག་འབྲོང་ཡུལ་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ཐོག་ཨང་གཉིས་པ་བླངས། ལོ་དེར་ཡུན་ནན་ཡུས་ལུང་ཝན་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ཁྲོད་ཨང་གསུམ་པ་བླངས། འདི་ལྟར་ཉིན་ནས་མཚན་དང་དབྱར་ནས་དགུན་ལ་དགེ་རྒན་གྱི་རེ་བ་སྟོང་ཟད་དུ་མ་བཏང་ཞིང་རང་ཉིད་ཀྱི་དཀའ་སྡུག་ཀྱང་ཆུད་ཟོས་སུ་བཏང་མྱོང་མེད་པས། མཚོ་བྱང་རྩྭ་ཐང་ནས་ཡོང་བའི་ཕྱུགས་རྫི་ཆུང་ཆུང་ཞིག་རྩལ་ཁྲིད་དགེ་རྒན་ཚན་ཆུང་གི་གཅེས་སྐྱོང་མཛུབ་ཁྲིད་དང་རང་གི་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་རྒྱལ་ནང་གི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི“00རྗེས་ཀྱི་འགྲན་ཞུགས་པ་དཔེ་མེད”ཅིག་ཏུ་གྱུར།






སྐབས་བཅུ་བཞི་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་མཇུག་སྒྲིལ་རྗེས་མི་དེ་བས་མང་བས་མཚོ་སྔོན་མཚོ་བྱང་ནས་ཡོང་བའི་བོད་རིགས་ཕོ་གསར་འདི་ངོ་ཤེས་པ་རེད། གསར་འགོད་པས་ཁོང་ལ་བཅར་འདྲི་བྱེད་སྐབས། ཕོ་གསར་ཁོས་དཔའ་སྤོབས་དང་ལྡན་པའི་ངང་ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་ཞིང་། མུ་མཐུད་དུ་དེ་བས་ལེགས་པའི་གྲུབ་འབྲས་བླངས་ནས་ཕ་ཡུལ་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱ་འདོད་ཟེར།





གསར་འགོད་པས་ཁོ་ལ་ཁྱིམ་གྱི་གནས་ཚུལ་འདྲི་སྐབས། རིན་ཆེན་དོན་འགྲུབ་ཀྱིས་ནང་མི་དང་ཕ་ཡུལ་དྲན་ཚུལ་མང་དུ་བརྗོད་བྱུང་། མི་མང་ཆེ་བའི་འཚོ་བའི་ཁྲོད་ནང་མི་དང་མཉམ་དུ་འདུག་པ་ནི་རྒྱུན་ལྡན་ཡིན་མོད། འོན་ཀྱང་ཁོ་ལ་མཚོན་ན་དེ་ནི་དམིགས་ཚད་མཐོ་ལ་མངོན་འགྱུར་དཀའ་བ་ཞིག་རེད། ལུས་རྩལ་ལས་དོན་རུ་ཁག་ནང་ཞུགས་རྗེས་སྦྱོང་བརྡར་གྱི་ལས་འགན་ལྕི་ཞིང་འགྲན་སྡུར་སྣ་ཚོགས་ལ་ཞུགས་དགོས་པས། ཏག་ཏག་ལོ་གཉིས་རིང་ཕྱིར་ཁྱིམ་དུ་ལོག་ཐུབ་མེད། ཁྱིམ་མི་དང་མཉམ་དུ་འདུག་པའི་དུས་ཚོད་ནི་ཧ་ཅང་ཐུང་བས་ཁོས་དེ་ལ་གཅེས་སྤྲས་ལྡབ་འགྱུར་གྱིས་བྱེད་ཀྱིན་འདུག






ལུས་རྩལ་གྱིས་ཁོ་ལ་འགྱུར་ལྡོག་ཅི་ཞིག་ཐེབས་པའི་སྐོར་འདྲི་སྐབས། རིན་ཆེན་དོན་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། མཚོ་སྔོན་གྱི་ཚབ་བྱས་ནས་ས་གནས་ཁག་ཏུ་འགྲན་སྡུར་ནང་ཞུགས་ཐུབ་པར་ང་རང་ཤིན་ཏུ་དགའ་ཡོད་ལ། འགྲན་སྡུར་ཁྲོད་ཕུལ་བྱུང་གྲུབ་འབྲས་ཐོབ་པར་ཡང་ཧ་ཅང་དགའ་བོ་བྱུང་ཡོད། འདི་དག་ཚང་མ་ལོ་མང་པོའི་རིང་ང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པའི་རྩལ་ཁྲིད་དགེ་རྒན་ཚན་ཆུང་དང་ཁ་འབྲལ་ཐབས་མེད་ཅིང་། ཡུལ་མི་སྤུན་ཟླ་རྣམས་དང་དེ་བས་འབྲལ་ཐབས་མེད། རིན་ཐང་བྲལ་བའི་ལང་ཚོའི་དུས་སྐབས་འདིར་ངས་མུ་མཐུད་དུ་འབད་བརྩོན་བྱས་ནས་ཉམས་མྱོང་དེ་བས་མང་བ་བསགས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ལུས་རྩལ་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་དང་ཕ་ཡུལ་ལ་མཚན་སྙན་དེ་བས་མང་བ་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།





ཡོང་ཁུངས། གངས་ལྗོངས་འཕྲིན་གསར།

རྩོམ་སྒྲིག་འགན་ཁུར་བ། སངས་རྒྱས་ཚེ་རིང་།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编:桑吉才让

监制:杨本才让   总监制:刘增奎




编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心